Back to All Events

Singapore


 
37900925_10214850486193298_4515040234836066304_n.jpg

ད་རིང་སིངྒ་པུར་རྒྱལ་ས་ནང་རྒྱ་ཡི་ཁྲོམ་རའི་འགྲམ་གྱི་སངས་རྒྱས་ཀྱི་ཚེམས་བཞུགས་ཡོད་པའི་ལྷ་ཁང་ནང་མཇལ་ཁ་ཕྱིན། སངས་རྒྱས་ཀྱི་ཚེམས་དེ་འདན་ཞུ་ས་དེ་ནི་ཤི་རི་ལང་ཀ་ནས་རེད་ཟེར། ལྷ་ཁང་གི་ཐོག་རྩེགས་གསུམ་པའི་ཐོག་ཏུ་གསེར་གྱི་མཆོད་རྟེན་ནང་དུ་སངས་རྒྱས་ཀྱི་ཚེམས་དེ་ཉིད་བཞུགས་འདུག ཉེ་འགྲམ་རང་དུ་བཅར་ས་མི་འདུག་པས་གསལ་པོ་ཞིག་མཇལ་ཐུབ་ཀྱིན་མི་འདུག་རུང་ཚེམས་གསུམ་ཙམ་ཞིག་མཉམ་དུ་བཞུགས་ཡོད་པ་འདྲ་པོ་འདུག ཚེམས་དེ་ཚོ་ནི་མི་རང་འགའ་བའི་སོ་བས་ཆེ་བ་འདུག སྔ་ལོ་རྒྱ་ནག་ལ་སངས་རྒྱས་ཚེམས་མཇལ་བ་འགྲོ་སྐབས་ཐག་ཉེ་པོ་ནས་མཇལ་རྒྱུ་འདུག་པས་ཆེ་ཆུང་འདྲ་བ་ཡིན་ཚོད་འདུག དེའི་གཡོན་ཕྱོགས་སུ་སྒོམས་རྒྱབ་ས་དང་སྨོན་ལམ་བྱས་ནས་སྡོད་ས་འདུག་པར། ཤེས་རབ་སྙིང་པོ་དང་ཐབས་མཁས་ཐུགས་རྗེ་མ་དེ་བཞིན་རྒྱལ་བའི་ཞབས་རྟེན་སོགས་འདོན་ནས་སྨོན་ལམ་གང་ཤེས་བཏབ་པ་ཡིན། དེའི་ཡང་སྟེང་དུ་ཡང་འགྲེམ་སྟོན་ཁང་འདྲ་པོ་བྱས་ནས་སངས་རྒྱས་ཀྱི་དབུ་སྐྲའི་རིང་སྲེལ་དང་སྐུ་ཀླད་ཤངས་རུས་ལ་སོགས་པ་མིང་རྣམ་གྲངས་མི་འདྲ་བ་མང་པོ་བཏགས་ནས་རིང་སྲེལ་མཚོན་མདོག་དཀར་སེར་དམར་ལྗང་ནག་པོ་སོགས་འདྲ་མིན་འདུག་པས་དངོས་གནས་ཡིན་ན་སྐལ་པ་བཟང་པོ་ཞེ་དྲག་རེད་འདུག དགོན་པ་འདི་ཐེག་ཆེན་དང་ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་རེད་འདུག སྐུ་གསུང་ཐུགས་རྟེན་ནང་བོད་ཀྱི་ཕྱག་བཟོ་མང་པོ་འདུག ལྷག་ཏུ་འགྲེམ་སྟོན་ཁང་གོང་འོག་ན་བོད་ཀྱི་གྲི་གའུ་སོགས་མི་ཉུང་བ་ཞིག་ཀྱང་འདུག དགེ་འདུན་པ་བཅུ་ཕྲག་ནི་ཡོད་ས་རེད། འདོན་པ་འདོན་དུས་སྙན་པོ་ཞིག་འདོན་གནང་གི་འདུག དགོན་པ་ཁོ་རང་བཞེངས་གྲུབ་ནས་ལོ་ངོ་གསུམ་ཙམ་མ་ཏོག་འཁོར་ཡོད་ས་མ་རེད། ལྡེབ་རིས་དཀྱིལ་འཁོར་དེ་ཚོའི་ནང་འཇམ་དབྱངས་ཕྱག་རྡོར་སོགས་ཉེ་བའི་སྲས་ཆེན་བརྒྱད་སོགས་མཚོན་ཡི་དམ་ཞི་ཁྲོ་མང་པོ་འདུག ཐམས་ཅད་རྒྱ་ལུགས་ཀྱི་བྲིས་རེད་འདུག དགོན་པ་དེའི་གུས་བཀུར་ཞུས་ས་བླ་མ་དག་གི་སྐུ་འདྲ་དེ་ཚོ་ནི་མི་མངོན་སུམ་འདྲ་བཟོ་ནས་བཞུགས། འོ་རེད་དགོན་པ་འདིའི་ནང་ཨ་ནེ་ཇོ་མོ་ཡང་ཡོད་ས་རེད། ཁ་ཤས་གི་སྐུ་པར་དང་དངོས་སུ་མཇལ་བྱུང་།

 
Earlier Event: July 14
Taipei, Taiwan
Later Event: August 2
Malaysia